ལྷ་འདུ་རྣམ་པར་སྣང་མཛད།
ལྷ་འདུ་རྣམ་པར་སྣང་མཛོད།

སྨར་ཁམས་ཁུལ་དུ་ངག་རྒྱུན་གྱིས་ཡོངས་གྲགས་བཤད་སྲོལ་ཞིག་ལ།རྣམ་པ་སྣང་མཛོད་འཁྲུངས་སྐུ་ཡིན།ལྷ་སའི་ཇོ་བོ་བཞེངས་སྐུ་ཡིན་ཞེས།ལྷ་སའི་ཇོ་བོ་མ་མཇལ་གྱི་སྔོན་དུ་ལྷ་འདུ་རྣམ་པ་སྣང་མཛོད་མཇལ་དགོས་ཞེས་བཤད་སྲོལ་རླུང་ལྟར་གྲགས།དེ་ཡང་ལྷ་འདུ་རྣམ་པ་སྣང་མཛོད་འཁྲུངས་ཚུལ་གྱི་སྐོར་ལ་ངག་རྒྱུན་དུ།སྔོན་རྨོ་རྒས་མོ་ཞིག་གིས་ཞིང་ལས་བྱེད་པར་ཞིང་ཁ་ནས་རྡོ་ཆེན་པོ་ཞིག་བརྡོལ།རྡོ་དེ་རིམ་པར་ཆེ་ནས་ཆེར་བརྡོལ་བ་དང་ལྷན་དུ་སྣང་བརྙན་གྱི་སྐུ་འཁྲུངས་པ་རེད་ཅེས་དང་།དེ་ནས་མི་རིང་བར་དུས་རབས་བདུན་པའི་ནང་བློན་པོ་མགར་གྱིས་ཇོ་བཟའ་ཀོང་ཇོ་བོད་དུ་གདན་འདྲེན་ཞུས་པར།ས་ཆ་དེར་ཕེབས་ནས་རྣམ་སྣང་གི་སྐུ་མཇལ་དུས་རྒྱ་བཟའ་ཀོང་ཇོས་རྣམ་སྣང་གི་སྐུ་ལ་ལྷ་ཁང་ཞིག་བཞེངས་པ་དང་ལྷན་དུ།དེའི་འཁོར་དུ་རྒྱའི་ལུགས་སུ་བྱས་པའི་ཉེ་བའི་སྲས་བརྒྱད་བཞེངས་པ་རེད་ཅེས་བཤད་སྲོལ་ཡོད།དེ་ཡང་བོད་ཟླ་དང་པོ་དང་གཉིས་པ་ལ་ཁྲི་འགྱུར་འབུམ་འགྱུར་གྱི་ཕན་ཡོན་ཡོད་ཅེས་སྨར་ཁམས་སྟོད་སྨད་བར་གསུམ་གྱི་མི་རྣམས་རྣམ་སྣང་གནས་མཇལ་དང་སྐོར་བར་ཡོང་སྟེ།ཉིན་གང་སྐོར་ཚད་གསོག་པ་དང་མཚན་གང་གཞས་འཁྲབ་ནས་བསྡད།སྐབས་རེར་གཞས་ཤགས་ཐུག་ནས་ནམ་ཉིན་མཚན་གསུམ་ཙམ་ལ་གཞས་འཁྲབ་ཅིང་།སྐོར་ཚད་གསོག་མ་ཐུབ་པ་ཡང་ཡོང་གི་ཡོད།དེ་ཡང་ལྷ་འདུ་རྣམ་པ་སྣང་མཛད་ཀྱི་སྐོར་ལ།སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་འགྲོ་མགོན་རིན་ཆེན་གྱི་རྣམ་ཐར་ལས།རྣམ་སྣང་རང་བྱོན་ཆེན་མོ་ལ།།ཀོང་ཅོས་བཞེངས་པའི་གཙུག་ལག།ལྷ་འདུ་མེས་ཡིས་འཇིགས།།འགྲོ་མགོན་རིན་ཆེན་ལྷ་འདུ་གཙུག་ལག་ཁང་།ཉམས་གསོ་ལ་བྱོན།འོ་ཅོ་རྣམ་པར་སྣང་མཛད་ལ།།ཞལ་གསེར་དང་སྤྱན་འབྱེད་ཕུལ།།སྟག་གསལ་རྒྱན་དྲུག་གི་གོས་ཆེན་མནབས་བཟའ་ཡང་བསྒྲོན།ཉེ་སྲས་བརྒྱད་པོ་ལ།།གོས་ཆེན་མནབས་བཟའ་སྒྲོན་འབུལ།།མར་མའི་ཁྲི་མཆོད།འབུམ་ཚོགས་དངོས་བཤམས་དང་། ། ཡིད་སྤྲུལ་གྱི་མཆོད་པ།།གསང་བ་བླ་མེད་ཀྱི་མཆོད་པ་རྒྱ་ཆེར་བཤམས།།སྣང་བརྙན་ཡིད་བཞིན་ནོར་བུ་འདི།།བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་གོང་དུ་ཡོད་པ་བོན་པོའི་ལོ་རྒྱུས་ནང་དུ་ཡང་གསལ།།བོན་པོ་དག་གིས་བོན་ལྷ་ཞེས་བརྩིས་ནས་གསོལ་མཆོད་ཀྱང་བགྱིས་པར་བཤད།།ཕྱིས་སུ་འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོས་སྒྲོལ་མ་སྔོན་མོ་ཀོང་ཇོ་འཇིག་རྟེན་མི་ཆོས་ལ་བག་བསུའི་ལམ་པར་རྩམ་གཟན་བོད་པ་དག་གིས་རིང་མོ་ནས་བསགས་པའི་བསོད་ནམས་ཀྱི་བསྒོ་སྐལ་རྒྱ་ཡུལ་ནས་ཇོ་བོ་ཡིད་བཞིན་ནོར་བུ་ཡུལ་དབུས་སུ་སྤྱན་དྲངས་པའི་ཞོར་མི་ཉག ལི་ཐང་། འཇང་ས། ཁ་བ་དཀར་། སྨར་ཁམས། བྲག་གཡབ། གོ་འཇོ། སྡེ་དགེསྒ་བ་སོགས་ཁམས་ཡུལ་གྱི་འགྲོ་བ་ཐམས་ཅད་ལ་ཇོ་བོ་རིན་པོ་ཆེར་མཇལ་ཕྱག་མ་ཐོབ་པ་མེད་པ་ལྟ་བུ་མཛད།ཀོང་ཇོ་སྒྲོན་མེ་ཁམས་ཀྱི་འགྲོ་བ་ཐམས་ཅད་ལ་སྐལ་བཟང་གི་གོ་སྐལ་བྱིན།ལྷ་ཁང་ཡང་ཆེ་ཕྲ་དུ་མ་བཞེངས་པ་སོགས་ཀོ་ཇོ་སྒྲོན་མེ་བོད་ཁམས་ནང་ཆོས་འགྱུར་བའི་གཞི་རྟེན་ས་ཞིང་གི་ཀ་བ་བརྒྱ་ཕྲག་ལ་ཆེད་དུ་བཟོས་ཤིང་དབུས་སུ་བྱོན།རྣམ་སྣང་ཆེན་པོ་འདིར་ཀོང་ཇོས་གཙུག་ལག་ཁང་ཆེན་མོ་ཡངས་ཤིང་རྒྱ་ཆེ་བ་ཞིག་བཞེངས།འཁོར་གཡོག་བརྐོས་པ་རྣམས་ལ་ཉེ་སྲས་བརྒྱད་བརྐོས་སུ་བཅུགསྲས་བརྒྱད་པོ་རྒྱ་ནག་གི་ལུགས་སུ་བཀོད།རྣམ་སྣང་རང་བྱོན་ལ་འབར་འབུར་ཡོད་པ་དག་བཟོ་བརྐོས་ཅུང་བགྱིས་པ་འང་ཡོད། སྒོ་ཆེན་གྱི་གྱང་ངོས་ལ་ཀོ་ཇོ་དང་མགར་སྟོང་བཙན་བཅས་ཀྱི་ཇོ་བོ་གདན་དྲངས་པའི་རྣམ་པ་ལྡེབ་བྲིས་ཡང་མཇལ་རྒྱུ་སྣང་།ངན་སོང་སྦྱོང་བས་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་འདི་ལྟ་བུ་རང་བྱོན་ཡུལ་གཞན་ན་ཆེས་སྲིད་པ་དཀའ་འོ་།ཞེས་ལྷ་འདུས་རྣམ་པ་སྣང་མཛད་ཀྱི་སྐོར་བཀོད་པ་ཁག་གཅིག་དང་། ཡང་བོད་ནང་གི་དྲ་བ་ཞིག་ལས། བྱང་ཆུབ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་མོ། ཟླ་༨ཚེས་༢༩་ཉིན།  དགོང་ལོ་༧༢་ཅན་གྱི་ནང་བསྟན་གནའ་རྫས་རྟོག་ཞིབ་པ་ཝིན་ཡུ་ཁྲིན་ལགས་ཆབ་མདོ་ནས་སྨར་ཁམས་རྫོང་སྤང་མདའ་ཡུལ་ཚོའི་རབ་འདུས་སྡེ་བར་སླེབས་ཏེ་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་།  འདི་གར་དེ་བཞིན་གཤེགས་པའི་སྐུ་ཞིག་མཆིས་ཤིང་མཐོ་ཚད་ལ་ལི་སྨི༢༤༠དང་དེའི་པདྨའི་ཁྲི་ཡི་མཐོ་ཚད་ལ་ལི་སྨི༤༡འདུག    དེའི་འོག་གི་རྡོ་རྗེ་ཁྲི་ཡི་མཐོ་ཚད་ལ་ལི་སྨི༡༥༥དང་ཁང་བའི་མཐོ་ཚད་ལ་ལི་སྨི༤༣༦ཡོད་པ་ཡིན།   གཡས་གཡོན་ཕྱོགས་གཉིས་ཀའི་བྱང་ཆུབ་སྐུ་བརྒྱད་ཀྱི་མཐོ་ཚད་ལ་ལི་སྨི༡༨༠དང་ཁྲིའི་མཐོ་ཚད་ལ་ལི་སྨི༦༠།  ཁང་བའི་མཐོ་ཚད་ལ་ལི་སྨི༢༤༠ཡོད་ལ།  དབུ་ལ་ཅོད་པན་བཞེས་ཤིང་ལུས་ལ་སྟོད་གོས་རིང་བོ་མནབས་པ་དང་སྐེ་རགས་བཅིངས་ཡོད་པ་དང་།  རྐང་ལ་འཇུ་རྟ་གྱོན་ཡོད་པ་རེད།  དགེ་རྒན་ཆེན་མོ་ཝིན་ཡུ་ཁྲིན་གྱིས་སྐུའི་རྣམ་པར་བལྟས་ནས་འདི་ནི་རྒྱལ་ཡོངས་སུ་ཆེས་ཆེ་བའི་སྤྱན་རས་གཟིགས་བརྒྱད་ཀྱི་དཀྱིལ་འཁོར་གྱི་རྣམ་པ་ཞིག་ཡིན་ཏེ།  ཐུ་བྷོད་སྐབས་ཀྱི་སྒྱུ་རྩལ་ཆུ་ཚད་ཤིན་ཏུ་མཐོ་བའི་ཚབ་བྱེད་བརྩམས་ཆོས་ཤིག་ཏུ་ངེས་ཤིང་།  བོད་ཁུལ་དུ་ཐུ་བྷོད་དུས་སྐབས་སུ་མཆིས་པའི་རྡོ་བརྐོས་དེ་བཞིན་གཤེགས་པའི་སྐུ་བརྙན་ཉག་ཅིག་ཡིན་པར་འདོད།   ཁོས་སྐུ་འདིར་རིག་གཞུང་རིན་ཐང་ཆེན་པོ་ལྡན་པས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ སུ་འཇོག་འོས་ཟེར།  ཞེས་གསལ་ཡོད་པ་སོགས་གཅིག་མཚུངས་སུ་སྣང།  

བྱང་ཆུབ་བརྒྱད་ཀྱི་ནང་གསེས་ཤིག
             དང་ཐོག་ཆབ་མདོ་ས་ཁུལ་རིག་དངོས་ཅུ་ཡི་བཀྲ་ཤིས་དབང་འདུས་ཀྱིས་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཞིབ་དཔྱད་བྱེད་པའི་སྐབས་སུ་བོད་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་སྤང་མདའ་ཡུལ་ཚོའི་རབ་འདུས་སྡེ་བ་རུ་དེ་བཞིན་གཤེགས་པའི་རྡོ་བརྐོས་སྐུ་བརྙན་འདི་གསར་རྙེད་བྱུང་བ་ཡིན་ཡང་། དེའི་ལོ་དུས་དང་འབྲེལ་ཡོད་རིག་གཞུང་གནད་དོན་སོགས་ལ་ད་དུང་ཞིབ་འཇུག་བྱེད་དགོས་རྐྱེན་ད་བར་དུ་རང་སོར་འཇོག་དགོས་བྱུང་བ་རེད།